ཁོག་ཟླ་དགུ་ཁུར་བའི་ས་ཆེན་མ། །
ཞལ་འཛུམ་གྱིས་གང་བའི་ཞི་བ་མ། །
གསུང་སྙན་འཇེབས་ལྡན་པའི་དབྱངས་ཅན་མ། །
སེམས་བྱམས་སེམས་ཅན་གྱི་བརྩེ་ཆེན་མ། །
ལག་རྩུབ་རེག་བྲལ་བའི་འཇམ་མཉེན་མ། །
ལུས་ཕངས་སེམས་མེད་པའི་གཏེར་ཆེན་མ། །
ཁྲེལ་ཕྱི་ཐག་རིང་བའི་ཆུ་མོ་མ། །
བུ་བདེ་བར་འདྲེན་པའི་དེད་དཔོན་མ། །
ཐུགས་བཏང་སྙོམས་ཅན་གྱི་ནམ་མཁའ་མ། །
ལུས་གྲང་ངར་འགོག་པའི་ཉི་འོད་མ། །
བྱམས་དུང་བ་ཆེ་བའི་ཟླ་ཟེར་མ། །
འཛུམ་ལྷུག་ལྷུག་དགོད་པའི་སྐར་ཆེན་མ། །
ལུས་ཡོངས་སུ་བཏང་བའི་སྦྱིན་པ་མ། །
རྒྱུད་ངང་ཚུལ་བཟང་བའི་ཚུལ་ཁྲིམས་མ། །
ཁོང་ཁྲོ་བ་མེད་པའི་བཟོད་པ་མ། །
ལས་འཁོར་བར་འབུངས་པའི་བརྩོན་འགྲུས་མ། །
རྒྱུད་མཉམ་པར་བཞག་པའི་བསམ་གཏན་མ། །
བུར་བླངས་དོར་སྟོན་པའི་ཤེས་རབ་མ། །
ཁྱིམ་བཟའ་ཚང་མགུ་བའི་ཐབས་མཁས་མ། །
ནང་བདེ་སྐྱིད་འབོད་པའི་སྨོན་ལམ་མ། །
གཞིས་ཕྱི་ནང་སྐྱོབ་པའི་སྟོབས་ཆེན་མ། །
ཐུགས་བརྩེ་ཆེན་འགྱུར་མེད་བརྩེ་ཆེན་མ། །
བློ་ཕྱོགས་རིས་དབེན་པའི་བཏང་སྙོམས་མ། །
དོན་མ་ལུས་འགྲུབ་པའི་ཡུམ་ཆེན་མ། །
点赞
收藏