འཇིག་རྟེན་གྲོང་ནས་ལས་ཀྱི་འབོད་བརྡ་ཐོས། །
དཀར་ནག་ལམ་གྱི་འཇུག་བྱང་ལག་ཏུ་སོན། །
ལས་བསྐོས་རྟ་ལ་རྟོག་པའི་སྲབ་མདའ་བཞག །
སྲིད་པའི་ཐང་ཆེན་གྲོང་ནས་ཡང་ཡང་ཉུལ། །
གནམ་སའི་གཏམ་རྒྱུད་ནང་དུ་རང་ཉིད་བྲིས། །
ལོ་ཟླའི་འགྱུར་ལྡོག་ཁྲོད་ནས་ལང་ཚོ་བསྐྱངས། །
སྒྱུ་མའི་གྲོང་ལ་ཆུ་ཡི་མཁར་ཡང་བརྩིགས། །
སྐྱེ་བ་དུ་མར་རྨི་ལམ་ཡང་ཡང་རྨིས། །
ཤོག་དཀར་ངོས་སུ་ཚོར་བ་སྣ་ཚོགས་ཕབ། །
དགའ་སྐྱོ་འདྲེས་མའི་ཚེག་དང་ཆིག་ཤད་བྲིས། །
འཁྲུལ་བའི་ཟློས་གར་འཁྲབ་སའི་གར་སྟེགས་སྟེང་། །
རྫི་གླུ་ངག་ལ་དྲངས་ནས་ཡང་ཡང་བླངས། །
མི་ཚེ་རླུང་གིས་སྤུར་བའི་བྱ་སྤུ་བཞིན། །
ནང་སེམས་ཡིད་ཐང་ཆད་པའི་དབུགས་རིང་ཐོས། །
གཡེང་ལ་ཁྱེར་བའི་རྣམ་ཤེས་འཁྱམ་པོ་ཞིག །
མི་ཡུལ་ས་མཐའི་གནས་སུ་ཡང་ཡང་འགྲིམས། །
དབེན་ཐང་ཞི་བའི་ལྗོངས་སུ་བརྩེ་བ་འཁྲི། །
ལོ་འདབ་ཕག་ཏུ་མི་ཚེའི་གླེགས་བམ་བཤམས། །
སྒྱུ་མའི་རྟ་ཁྱུ་འདེད་པའི་རྗེས་ཤུལ་ནས། །
རྟོག་ཡན་རི་ལ་ཤོར་བའི་འཆར་སྣང་མཐོང་། །
རེ་དོགས་ལམ་འཕྲང་རིང་མོ་མཐའ་མ་མཆིས། །
ངལ་དུབ་རྔུལ་ཆུའི་ཐིགས་པ་རྒྱུན་མ་ཆད། །
འཁོར་བའི་གླུ་ཚིག་འབྲི་བའི་སྙན་ངག་པ། །
ཡུད་ཙམ་ཡུན་ཐུང་ཞིག་གི་མགྲོན་པོ་ཡིན། །
དོ་ནུབ་མཚན་མོ་འདི་ཡང་མི་ཚེ་ཡིན། །
མདུན་གྱི་མཐོང་སྣང་འདི་ཡང་མི་ཚེ་ཡིན། །
ཚིག་གི་ཆོ་འཕྲུལ་དེ་དག་མི་ཚེ་ཡིན། །
དབྱངས་ལ་བསྟིམས་པའི་མི་ཚེ་ཐུང་ཐུང་ཡིན། །
点赞
收藏