དཀའ་སྡུག་སྤེལ་མའི་ཀྱག་ཀྱོག་བཞུད་ལམ་གྱི་སྟེང་དུ། །
ངལ་ཡང་འབད་པས་སྒྲུབ་དགོས་ལས་དབང་གི་བཙན་ཁྲིད། །
བར་དུ་བསིལ་རླུང་འཇམ་པོའི་གུ་ཡངས་རེ་སྟེར་ན། །
གསོན་པའི་རེ་འདོད་སྒྲུབ་པར་འབད་པས་མདུན་སྐྱོད་བྱེད། །
རེ་དོགས་ཁུར་གྱིས་གནོན་པའི་འཕྲང་ལམ་དེའི་དཀྱིལ་ན། །
སྒལ་གཞུང་རུས་པའི་ཚིགས་ལ་གས་ཆག་གི་རི་མོ། །
རུས་ངལ་གསོ་བའི་ཁུག་སོའི་དཀྱོག་མཚམས་ཤིག་རྙེད་ན། །
འཕྲལ་དུ་བདེ་བའི་ལུས་ལ་གུ་ཡངས་ཤིག་ལོས་འཐོབ། །
བྱས་ཀྱང་རྫོགས་མཐའ་མེད་པ་འཇིག་རྟེན་གྱི་ཆོས་ཉིད། །
མྱངས་ཀྱང་འཛད་དུ་མེད་པ་སྲིད་གསུམ་གྱི་སྡུག་བསྔལ། །
འཐོབ་ཀྱང་ཚིམ་པ་མེད་པར་མི་སེམས་ཀྱི་འདོད་ཧམ། །
ཆོག་ཤེས་དགའ་མགུ་རངས་བའི་གུ་ཡངས་ལ་ཡིད་སྨོན། །
ཚུལ་གསུམ་རྟགས་ལ་རྩོད་པའི་སྒྲོ་འདོགས་ནི་མ་ཆོད། །
བསམ་པའི་མྱོང་བ་འཆར་བའི་སྐྱིད་སྣང་ནི་མ་འཐོབ། །
གཞུང་གི་ཚིག་ངོ་འགྲེལ་བའི་གདེང་སྤོབས་ནི་མ་རྙེད། །
དྲན་མེད་གན་དུ་འགྱེལ་བའི་གུ་ཡངས་ཤིག་རྙེད་བྱུང་། །
ཚེ་ལ་ཡིད་བརྟན་མེད་པ་སྐད་ཅིག་མའི་གློག་ཞགས། །
དུས་ལ་འཕོ་འགྱུར་མང་བ་བྱིས་བློ་བཞིན་འགྱུར་ལྡོག །
གྲོགས་ལ་གཏད་སོ་མེད་པ་བྱེ་མ་ཡི་ཆུ་རགས། །
རང་ལ་ཚུགས་ཀ་དགོས་པའི་གོ་བརྡ་ཞིག་ལོས་ཡིན། །
点赞
收藏