སེམས་པའི་ཕྱི་ནང་འདས་དོན་རླུང་གིས་སྒུལ། །
དྲན་པའི་གཞུང་ལ་ལོ་ཟླའི་གས་ཆག་ལྷུངས། །
ན་ཚོད་ཡོལ་བའི་སེམས་ཚེགས་རེ་རེ་དང་། །
སྟོང་འདང་རེ་རེས་ཡིད་ཀྱི་གཙང་པོ་དཀྲུགས། །
གནམ་སའི་མཚམས་ན་ཟླ་འོད་བཙན་གྱིས་འཕྲོ། །
སྐར་མ་རེ་ཟུང་སྐྱོ་བའི་ཚུལ་གྱིས་འཚེར། །
མཛེས་སྡུག་བོར་བའི་མཁའ་ཡི་སྤྲིན་པའི་ཚོགས། །
གཉོམ་དུང་དུང་གིས་ཤར་ནས་ལྷོ་རུ་རྒྱུ། །
འཇགས་ཐབས་མེད་པའི་སྒོ་ཁྱིའི་ཟུག་སྐད་ཀྱིས། །
སུན་སྣང་གངས་ཆར་ཡིད་ཀྱི་གཞུང་ལ་ཕབ། །
མཚན་གང་ཟགས་པའི་ཆར་ཆུའི་ཐིགས་པ་ཡིས། །
སྙིང་གི་དབུས་ལ་དྲན་གདུང་ལྷག་མ་བསྩལ། །
ཁང་པའི་ནང་གི་མུན་པ་རབ་ཏུ་སྟུག །
སྒེའུ་ཁུང་འགྲམ་གྱི་ཁྱིམ་མིའི་འཁུན་སྒྲ་ཆེ། །
ལུས་ཡོངས་ཚ་དྲོད་ནད་ཀྱིས་མནར་བ་ཡི། །
ང་རང་ངལ་དུབ་རྔུལ་ཆུས་ཡང་ཡང་བརླན། །
རྨི་ལམ་འཇའ་ཡི་མཛེས་སྡུག་མ་རྙེད་གོང་། །
གཉིད་ཀྱི་བདེ་བ་སེམས་ལ་མ་སིམ་གོང་། །
མཚན་ལམ་རིང་མོའི་འགྲུལ་བཞུད་གློ་བུར་རྫོགས། །
ཐོ་རེངས་བྱ་ཕོས་མུ་ཅོར་སྐད་ཡམ་འབྱིན། །
点赞
收藏