སྟོན་མཚན་སྤྲིན་ཕུང་རྒྱུ་བའི་བར་གསེབ་ཀྱི། །
ཆ་རྫོགས་ཟླ་བའི་འོད་ཀྱི་སྣང་བ་དཀར། །
ལྷིང་འཇགས་རི་བོའི་གཞོངས་སུ་དལ་འབབ་ཚེ། །
ཡིད་དཀྱིལ་དགའ་བདེ་ཚོར་བའི་ཡོ་ལང་བརྟས། །
ལྦུ་ཆང་དམ་བིའི་མཆུ་ཏོར་རེག་ཞོར་དུ། །
ལག་སོར་དབྱངས་གསལ་སྐྱེད་མོས་ཚལ་དུ་ནི། །
སྙན་ཚིག་ཟེའུ་འབྲུ་བཏུས་ཏེ་ཆང་བསྲེས་པས། །
མཚན་ལྗོངས་ཟླ་བའི་མ་ངོགས་བཟི་འཐོམ་ལུས། །
ལྕང་མའི་གྲིབ་བསིལ་འོག་ཏུ་གན་རྐྱལ་གྱིས། །
ཚོར་གཞས་སིལ་སིལ་བླངས་པའི་ནམ་དུས་དེར། །
ཟླ་འོད་དཔྱང་ཐག་རིང་མོ་མཚོ་ངོགས་ཀྱི། །
མི་སེམས་ཁྲི་མ་འབུམ་ཞིག་རྒྱང་དུ་འཐེན། །
དྲན་གདུང་རླུང་བུས་སྒུལ་བའི་རྩྭ་ཕྲན་སྟེང་། །
འཕྲེང་སེམས་བང་ཁ་མྱུར་བའི་རྣམ་ཤེས་རྟས། །
དྭངས་བསིལ་ཟླ་འོད་བཅིབ་སྟེ་ཞེ་བའི་མི། །
གན་གྱི་དབེན་པའི་ཡུལ་དུ་བསུ་བར་མོས། །
点赞
收藏