རྩི་ཤིང་མེ་ཏོག་འདི་སྤང་ཁའི་རྒྱན་རེད། །
རྟ་ནོར་ལུག་གསུམ་དེ་སྡེ་པའི་སྲོག་རེད། །
རི་སྡེ་ཁྲ་མོ་འདི་སྐྱེ་སའི་ཡུལ་ཡིན། །
སྐྱེ་ས་འཚར་ས་འདི་བརྗེད་མེད་དྲན་ཡོད། །
སྦྲ་ནག་གྲུ་བཞི་འདི་འཚོ་སའི་གཞིས་ཡིན། །
དཀར་པོའི་འོ་ཞོ་ནི་འཚོ་བའི་རྟེན་ཡིན། །
དབྱངས་གསལ་སོ་བཞི་དེ་སྡེ་པའི་རྒྱན་ཡིན། །
འབྲོག་སྡེ་ཕྱུག་མོ་འདི་ལོག་སའི་ཡུལ་ཡིན། །
ཟང་ཟིང་འར་འུར་གྱི་འདུ་འཛི་མེད་ཅིང་། །
ལྷོད་ཡངས་བག་ཕེབས་ཀྱི་འཚོ་བས་ཕྱུག་པའི། །
རི་མཐོ་ས་གཙང་གི་དབུས་སུ་བཞེངས་འདྲའི། །
ཁོར་ར་ཁོར་ཡུག་འདི་ང་ཡི་རྩེད་ར། །
དབྱངས་གསལ་སོ་བཞི་ཡི་འགྱུར་ཁུག་ངོམས་ཤིང་། །
རང་རེའི་མེས་པོ་ཡི་ཆ་ལུགས་བསྐྱངས་ཏེ། །
ཁྲེལ་གཞུང་ཕྱི་ཐག་གི་ཀློང་ནས་འགྱིང་པའི། །
གངས་རིའི་མཛངས་མ་ཡང་འདི་ན་ཡོད་དོ། །
གངས་ཀྱི་འདབས་རོལ་དུ་ལང་ཚོ་རྒས་ཤིང་། །
ཕུ་ནུ་གཉེན་ཉེ་ལ་བརྩེ་འདང་ཟབ་པའི། །
སྐྲ་དཀར་ཞེ་དཀར་གྱིས་བརྒྱན་པའི་བགྲེས་སོང་། །
རང་སྡེ་ཕྱུག་མོ་འདིའི་རྒྱན་ཆ་ཡིན་ནོ། །
སྣ་ཚོགས་རི་མོ་ཡི་འཇའ་རིས་མིན་ཞིང་། །
སྒྱུ་མ་མཁན་པོ་ཡིས་སྤྲུལ་པར་མིན་པའི། །
རང་བྱུང་ཁོར་ཡུག་འདིའི་ཉམས་དགའི་མཛེས་སྡུག །
སེམས་པ་དམར་པོ་འདི་འཁྲེང་བའི་རྒྱུ་རེད། །
点赞
收藏