ང་རང་དུས་ཚིགས་འདིར་སླེབས་པར་སྟ་གོན་མ་བྱས།
མིག་ཟུང་སྡེབ་ཙམ་གྱི་ཡུན་དུ་འདི་ལྟར་གྱུར།
ང་རང་སྔར་བཞིན་འདི་ལྟར་ཡིན་ཚེ།
ཁྱོད་ཀྱིས་ང་རང་གཏན་དུ་བརྗེད་པར་ཞུ།
ནམ་མཁའ་དང་སྤྲིན་པའི་གསེབ་ནས།
ས་གཞི་དང་རི་བོའི་བར་ནས།
སེམས་ཀྱི་གངས་ཆེན་ལྷབ་ལྷུབ་ཏུ་བབས་བྱུང་།
གོ་རིམ་མེད་པའི་གངས་ཆེན་དེ་དག་ག་ལེར་བུ་ཡུག་ཏུ་གྱུར་སོང་།
ཧ་ཅང་དམའ་བའི་མཁའ་ལམ་ནས།
ཉི་ཟེར་གྱིས་སྐྱུག་པའི་མུ་ཏིག་རྡོག་པོ་འགའ།
དུས་ཚིགས་ཀྱི་སྒལ་གཞུང་དུ་འཁྱིལ་འདུག
འདབ་ལོའི་སྟེང་གི་མུ་ཏིག་གི་ཕྲ་ཚོམ་དེ་དག་མེ་ཏོག་ལྟར་སྙིང་དུ་སྡུག
ངས་ཕྱི་མིག་ཅིག་བལྟས་ཀྱང་།
ལྗང་ནེམ་ནེམ་དུ་གྱུར་པའི་དབྱར་ཁ་དང་།
ཧ་ཅང་སྙིང་ཉེ་བའི་མེ་ཏོག་དག་མཐོང་ཐབས་བྲལ།
རི་ལུང་སེར་ཐག་ཆོད་ཅིང་ཆག་གྲུམ་དུ་སོང་བའི་རྩྭ་སྐྱ་རླུང་གིས་བསྒུལ་བ་མཐོང་།
མདུན་དུ་བསྲིང་པའི་རྐང་ལམ་ཕྲ་མོ།
ཁྱར་ཁྱོར་རྐང་རྗེས་ཀྱིས་ཁེངས།
ང་ཚོས་ལག་པས་བྱ་ར་བྱས་ནས་ཕར་བལྟས་ཀྱང་སུ་ཡང་མཐོང་མི་ཐུབ།
འདི་ན་རྐང་ལམ་ཕྲ་མོ་ལས་ལམ་བུ་གཞན་མེད་པས་སུ་ཡང་གོལ་འཆུགས་ཤོར་མ་མྱོང་།
点赞
收藏