首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > རྩོམ་རིག

༄༅། ། ཁ་སེམས་མཐུན་པའི་གྲོགས་པོ། སྨིན་རུང་འབྲས་བུས།

2024-09-28 11:23:36

作者

评论
0

ཁ་བ་ཅན་གྱི་གྲོང་ཁྱེར་གཞིས་རྩེའི་ནང་། །

ཁ་ངག་འཇམ་པའི་ང་ཡི་གྲོགས་པོ་བཞུགས། །

ཁ་ངོ་ཐུག་འཕྲད་བྱེད་པའི་དུས་དབེན་ཡང་། །

ཁ་པར་དྲ་ལམ་བརྒྱུད་ནས་མཚམས་འདྲི་ཞུ། །


ཁ་རི་ཁ་ཐུག་བཤད་དགོས་གཏམ་མང་བས། །

ཁ་ངག་འཆལ་བར་དོགས་ནས་རེ་ཞིག་སྐུམ། །

ཁ་སེམས་སྙིང་ལ་དྲན་པའི་གཏམ་གླེང་ཞིག །

ཁ་ཐག་རྒྱང་ཡང་ཡི་གེའི་ལམ་ནས་སྨྲ། །


ཁ་དོག་དཀར་དམར་ཙམ་ཡང་མི་ཤེས་པའི། །

ཁ་མང་མི་ཚོགས་གཞན་དང་མི་འདྲ་བའི། །

ཁ་སེམས་མཐུན་པའི་གྲོགས་ཁྱེད་བདེའམ་ཞེས། །

ཁ་ཙམ་མིན་པའི་འཚམས་འདྲི་སླར་ཡང་བྱེད། །


ཁ་ནག་ཁོག་ནས་སྡང་བའི་མི་བུ་འགས། །

ཁ་མཐུན་གྲོགས་པོའི་བར་དུ་དཀྲུག་མོད་ཀྱང་། །

ཁ་ཆག་སྣ་རལ་གཏམ་ལ་མ་ཉན་པར། །

ཁ་ཚིག་སྙིང་གཏམ་གླེང་བ་གྲོགས་པོ་བཟང་། །


ཁ་སྔོན་ཁོ་བོས་བཤད་པའི་སྙིང་གཏམ་དེ། །

ཁ་མཚར་བྱིས་པའི་ངག་ལ་མ་བརྩིས་པར། །

ཁ་ཁོག་སེམས་ལ་ཉར་བའི་ངང་ཚུལ་འདི། །

ཁ་སེམས་མཐུན་པའི་འབྲས་རྟགས་ཉིད་དུ་ངེས། །

ཁ་ཉིན་ཁྱོད་ཀྱིས་བྲིས་བའི་སྙན་ངག་ཅིག །

ཁ་འདོན་ཚུལ་དུ་ལན་མང་བཀླགས་པ་ཡིས། །

ཁ་ཙམ་མ་ཡིན་དོན་སྙིང་གཏིང་ཟབ་པས། །

ཁ་ཆུ་ཁོག་ནས་ཤོར་བའི་བསྔགས་བརྗོད་ཐོར། །


ཁ་སང་དེ་རིང་གྲོགས་ཁྱེད་གྲོང་ཁྱེར་ནང་། །

ཁ་ལུས་བྲེལ་བས་དཔེ་ཀློག་དུས་ཁོམ་དཀའ། །

ཁ་སང་ཕུལ་བའི་དཔེ་དེབ་ཐུམ་སྒྲིལ་ཡང་། །

ཁ་ཡང་མ་ཕྱེ་ལུས་པ་ཡིན་ནམ་སྙམ། །


ཁ་འབྲས་ཕྱི་ཚུལ་མིག་མདུན་མཛེས་ན་ཡང་། །

ཁ་མིན་ཁོག་ན་སྙིང་པོའི་དོན་འབྲས་དཀོན། །

ཁ་དང་ལུས་ཀྱི་ཟས་གོས་འགྲིག་ལགས་ན། །

ཁ་གཏད་རིག་པའི་གནས་ལ་འབད་ན་ལེགས། །


ཁ་ན་ཞག་བཞིན་ཡམ་ཡམ་ཡོད་ལགས་ཀྱང་། །

ཁ་ལྕེ་མིན་པའི་ཤེས་ཡོན་མེད་ན་སྐྱོ། །

ཁ་གཏམ་རི་ལས་ལྕི་བའི་ལེགས་བཤད་ཅིག །

ཁ་དཀར་གྲོགས་པོ་ཁྱོད་ལ་དགོས་ཞེས་གདམས། །


ཁ་ཟས་རྒྱབ་གོས་ཁོ་ནར་འབད་པའི་མིར། །

ཁ་ན་ལྕེ་དང་ཁོག་ན་བཙོག་པ་ལས། །

ཁ་སེམས་ཤོར་བའི་ཡོན་ཏན་ཅང་མེད་ན། །

ཁ་གོག་བདེ་ཡང་ཁ་རྐྱང་སྣ་རྐྱང་ལོས། །


ཁ་སྔོན་འདས་སོང་བྱ་བར་ཕྱིར་དྲན་གྱིས། །

ཁ་རོགས་འུ་གཉིས་སྔོན་གྱི་དམ་བཅའ་དྲན། །

ཁ་འགྲམ་རུས་པ་ས་ལ་མ་འཐོར་བར། །

ཁ་མིན་རིག་པའི་གནས་དང་འགྲོགས་ཞེས་གླེང་། །


ཁ་ཁུ་སིམ་པོས་ཁུག་ཏུ་བསྡད་ཙམ་གྱིས། །

ཁ་ཁོག་ཤེས་རིག་འཕེལ་བར་མི་འགྱུར་བས། །

ཁ་ངོ་དཔེ་དེབ་སྦྱོང་བའི་ཐབས་བཟུང་བར། །

ཁ་མིན་དོན་ལ་གནས་དགོས་ཤིན་ཏུ་གལ། །


ཁ་ནད་ཁོག་པར་གཅོང་རྡོ་མ་ཕོག་བར། །

ཁ་ཟས་རྒྱབ་གོས་ཙམ་ལ་ཁ་གཡར་ནས། །

ཁ་གཡེང་མིག་གཡེང་བྱས་ནས་མི་སྡོད་པར། །

ཁ་ཕྱོགས་ཐོས་བསམ་རིག་པ་བཙལ་ན་འཐད། །


ཁ་སེམས་དཀར་པོའི་ཁྱེད་དང་ང་གཉིས་བར། །

ཁ་ཐག་རི་ཆུ་མང་པོས་ཆོད་ལགས་ཀྱང་། །

ཁ་མིན་སེམས་ནས་སྨྲས་པའི་སྙིང་གཏམ་འདི། །

ཁ་བཏགས་དཀར་པོའི་ཚབ་ཏུ་ཁྱེད་ལ་འབུལ། །


点赞

收藏

评论
已输入0
全部评论
加载更多评论