སྤང་ཁུད་ན་འཛུམ་དམུལ་དམུལ་དུ་བཞད་པའི་མེ་ཏོག་རྐང་གཅིག
མཁའ་དབྱིངས་ནས་འོད་ལམ་ལམ་དུ་འཚེར་བའི་བཅོ་ལྔའི་དུང་ཟླ།
སྤྲིན་གསེབ་ནས་ཤག་ཤག་ཏུ་འབབ་བཞིན་པའི་ཆར་ཟིམ་དྭངས་མ།
ཡིད་ཀྱི་མཁའ་ནས་ནུབ་ཏུ་མེད་པའི་ཉི་གཞོན་སེར་པོ།
མཚན་མོའི་སྐར་ཚོགས་ཀྱི་ཁྲོད་ན་འཛུམ་པའི་སྐར་རྒྱན་དེ་ཁྱེད་ཞལ་ཨེ་ཡིན།
ལྷོ་ཡི་གནས་མཐིལ་ན་གྲགས་པའི་དབྱངས་སྙན་དེ་ཁྱེད་གསུང་ཨེ་ཡིན།
གཏིང་ཟབ་མཐའ་མེད་ཀྱི་ཤེས་རིག་གི་ཆུ་ཕྲན་འདུས་པ་དེ་ཁྱེད་ཐུགས་ཨེ་ཡིན།
འགྱུར་མེད་རྟག་བརྟན་གྱི་རི་རབ་ལྷུན་པོའང་ཁྱེད་ཀྱི་མཛའ་བརྩེ་ཨེ་ཡིན།
སྐྱིད་ན་ཁ་གཡང་དང་གླུ་གཞས་མགུར་ས་ཁྱེད་ལས་མེད།
སྡུག་ན་མཆི་མ་དང་སྐྱོ་སྐྱོ་གནང་མཁན་ཡང་ཁྱེད་ལས་མེད།
སྐྱིད་སྡུག་འཇིག་རྟེན་གྱི་གྲུ་ཁ་ནས་བསྟེན་ས་ཁྱེད་གཅིག་པུ།
ནམ་ཡང་སྙིང་དབུས་ན་ཚེས་པའི་དུང་མདོག་གི་ཟླ་གཞོན།
ཞི་དུལ་གྱི་གོས་བཟང་བཀླུབས་པའི་ཀྭ་ཡེ་གྲོགས་པོ།
རང་ཚུགས་དང་དམ་བཅའ་བརྟན་པའི་ཀྭ་ཡེ་གྲོགས་པོ།
བྱམས་བརྩེ་དང་ལྷག་བསམ་གྱིས་བྱུག་པའི་ཀྭ་ཡེ་གྲོགས་པོ།
སྐྱིད་སྡུག་གི་འཁོར་ལོ་སྐོར་རོགས་ཀྭ་ཡེ་གྲོགས་པོ།
ཀྭ་ཡེ་གྲོགས་པོ།
མེད་ན་མི་ཆོག་པའི་གཏན་གྱི་འདུག་རོགས།
点赞
收藏