སྐྱིད་ལ་དབྱར་གྱི་ཟླ་གསུམ། །
གང་ནས་སོང་བ་མ་ཤེས། །
སྡུག་ལ་སྟོན་གྱི་ཙག་རླུང་། །
གློ་བུར་གདོང་དུ་ལྷུང་བྱུང་། །
ཆ་མེད་ཡུལ་དུ་ཕྱིན་པས། །
རྒྱུས་མེད་མི་དང་འཕྲད་བྱུང་། །
བཙན་གྱིས་འཛུམ་པའི་རྣམ་པ། །
མཐོང་ན་ཞེ་མེར་ལངས་ཡོང་། །
སོང་ན་མི་ཚོགས་གསེབ་རེད། །
བསྡད་ན་ཨར་ཁང་ནང་རེད། །
རྙེད་དཀའི་མི་ལུས་རིན་ཆེན། །
ངལ་དུབ་ཁྲོད་ནས་ཟད་སོང་། །
ཕ་ཡུལ་རྒྱབ་ཏུ་བསྐྱུར་བ། །
སུ་དང་གང་གི་དོན་རེད། །
སྙིང་པོ་མེད་པའི་འཚོ་བ། །
འདི་ལྟར་རོལ་རྒྱུ་ལོབ་འདུག །
རྫ་ཆུ་སྔོན་མོའི་འགྲམ་དུ། །
ཟླ་གཅིག་ཟླ་གཉིས་བསྡད་པས། །
གཉེན་དང་ཕུ་ནུའི་བརྩེ་བ། །
ཡང་ཡང་ཞེ་ལ་འཁོར་བྱུང་། །
མི་ནི་རྔམས་སེམས་རླུང་གིས། །
གང་སར་ཁྱེར་བའི་རྡུལ་རེད། །
ད་དུང་ཕོ་རུས་གཟེབ་ལས། །
ཐར་བ་དཀའ་བའི་བྱ་རེད། །
ལུས་ལ་ངུར་སྨྲིག་བཀླུབས་ཀྱང་། །
སེམས་པ་རྒྱུ་ཡིས་བསླུས་པའི། །
ས་མཐའི་འཁྱམས་པོ་ང་རང་། །
སྐྱོ་བའི་མཆི་མ་འཁྲུགས་བྱུང་། །
点赞
收藏