འབྲི་འཕྲོར་ལུས་པའི་ཡི་གེ་ལས་མེད་ཅིག
ཤོག་ལྷེ་སྲབ་མོའི་སྟེང་ན་ངུ་ལ་ཁད།
དགའ་སྐྱོ་མཚོན་བྱེད་རི་མོ་སྤུན་གཉིས་ལ།
འདས་སོང་ལོ་ཟླས་སྡང་མིག་ཁོ་ནར་བསྟན།
རྒྱུ་མཚན་མེད་པར་ཁོ་བོས་གཞན་ཡུལ་ནས།
ངུ་མ་དགོད་ཀྱི་གཏམ་རྒྱུད་གྱེར་བཞིན་རྒས།
ཆར་དུས་ལང་ཚོ་དུས་ཀྱིས་གྲུག་པོར་བཏང་།
སྟོན་ཟླའི་ཇ་ཕོར་ཁ་ན་འཁོས་ཀ་གཉོམ།
རྩི་ཏོག་སྣ་བརྒྱས་རང་གི་མཛེས་དཔལ་དེ།
མི་རྟག་བ་མོས་འཕྲོག་སོང་སྙམ་གྱིན་འདུག
འདས་སོང་རྨི་ལམ་རླུང་ལ་བསྐུར་ན་ཡང་།
མ་འོངས་ཇི་ལྟར་འཚོ་ལ་བསམ་གཞིག་ཤོར།
མུན་པ་གཏོར་བའི་མཚན་མོའི་ཟླ་བ་འདིས།
ང་ལ་སེམས་གསོ་གནང་བ་ཐེངས་གཅིག་མིན།
འགྱོད་གདུང་གླུ་སྒྲས་གནམ་སར་བསྒུལ་ཙ་ན།
བྱེ་མའི་རི་ཆུང་འཚོ་གཞིས་མི་འདུག་ཨང་།
ང་ལ་རེ་བ་ཕུགས་བསམ་ཆེན་པོ་མེད།
རང་ངོ་རང་གིས་ཤེས་ན་དེ་གས་ཆོག
点赞
收藏