ལང་ཚོའི་མེ་ཏོག་གི་འདབ་མ་ཡོངས་སུ་གྲོལ་དུས།
ངའི་སེམས་ཀྱི་ཟེའུ་འབྲུ་རུ་ཁྱོད་ཉིད་གཡུ་སྦྲང་ཞིག་གི་ཚུལ་དུ་བབས།
དུས་དེ་ནས་བཟུང་།
ངའི་བདེ་སྐྱིད་ཀྱི་སྦྲང་རྩི་ཅི་ཡང་འཕེལ།
ཞེན་ཆགས་དང་བརྩེ་འདང་ཧ་ཅང་ཟབ་དུས།
ངས་ཟད་དུ་མེད་པའི་སྙིང་གཏམ་གྱི་གཙང་ཆུ་རིང་མོ།
ངས་བརྗེད་ཐབས་བྲལ་བའི་དུང་སེམས་ཀྱི་མངར་ཁ་རེ་རེ།
ཕངས་སེམས་མེད་པར་ཁྱོད་ལ་བྱིན།
ཁྱོད་ཀྱང་རྒྱང་རིང་ནས་ཡོང་བའི་བུ་ཆུང་མ་ལ་འཁྱུད་པ་ལྟར།
ཞེ་འདང་དང་དུང་སེམས་ཟབ་མོས་ང་ལ་འཁྱུད།
ད་དུང་། ང་གཉིས་ཀྱིས་དྲན་མི་བཟོད་པའི་དམ་བཅའ་ཞིག
བསམ་མ་མྱོང་བའི་གནའ་ཚིག་ཅིག་དང་ལྷན་དུ་བཞག
ལོ་ཟླ་དེ་དག་ལ་ངའི་ནང་སེམས་ཀྱི་མེ་ཏོག་ཁྱོད་ཀྱིས་བརྐུས་པས།
ང་ནི་ཅི་ཡང་མི་ཚོར་བའི་གཟུགས་རིས་ཤིག་དང་མཚུངས།
ང་གཉིས་འགྲོགས་པའི་ཉིན་ཞག་དེ་དག
ད་དུང་ཐེངས་གཅིག་ཡོད་ན་ངས་གཏན་དུ་གཅེས་པར་འདོད།
ཡིན་ན་ཡང་། དེ་དག་ནི་རྨི་ལམ་ཞིག་དང་འདྲ་བར།
ཡུད་ཙམ་གྱིས་ངའི་མིག་ལམ་ནས་གར་སོང་ཆ་མེད་དུ་གྱུར།
བརྩེ་བ་དང་ཡིད་ཆེས་ཀྱིས་གྲུབ་པའི་ལོ་ཟླ་དེ་དག
སྨྲེ་ངག་དང་མིག་ཆུའི་ཁྲོད་ནས་གང་དུ་ཡལ།
བརྗོད་མི་ཚར་བའི་ལོ་ཟླའི་སྣང་བརྙན་དེ་དག
ངའི་སེམས་ཀྱི་མེ་ལོང་ངོགས་སུ་ཤར་ཐེངས་རེ་རེར།
ངས་འགྲེལ་མི་ཤེས་པའི་བརྗོད་དོན་ཟབ་མོ་ཞིག་རྟོགས་ཡོང་ལ།
ང་ལ་གླེང་མི་ཐུབ་པའི་ཚོར་བ་ལྗིད་མོ་ཞིག་ཀྱང་སྐྱེ་འོང་།
点赞
收藏