གོས་སྔོན་བརྐྱངས་འདྲའི་རྩྭ་ཐང་ན། །
གཡུ་ཡི་མནྜལ་བཀོད་འདྲ་ཡོད། །
སྤྲིན་དཀར་མུ་ཏིག་འཐོར་འདྲའི་འོག །
དཀར་དམར་མེ་ཏོག་སྡུག་གུར་བཀྲ། །
བསམ་ན་དྲན་ངོར་འཆར་སླ་ཞིང་། །
བལྟས་ན་མིག་གི་དགའ་སྟོན་ཞིག །
བསྡད་ན་ཉམས་དགུའི་སྣང་བ་ཞིག །
ལང་ལོང་དྲན་པའི་ཀློང་ནས་འཕྱུར། །
ཁོར་ཡུག་སྔོ་ལྗང་ཉམས་དགའི་དབུས། །
ལྕང་སྡོང་ཕོན་པོའི་བསིལ་གྲིབ་འོག །
བག་ཡངས་རྩེད་འཇོའི་ལས་ལ་བྲེལ། །
ངལ་གསོའི་ལེའུ་འདི་འདི་རུ་བཀོད། །
དུས་ཀྱི་དབྱར་གཞུང་རེ་རེ་ལ། །
ལང་ཚོའི་རྗེས་ཤུལ་རེ་རེ་ཡོད། །
ལོ་ཆུང་སྣང་བའི་ཁ་དོག་དེ། །
ཚོར་བའི་རི་མོའི་ནང་དུ་སྤྲས། །
ཆུ་དང་ཆུ་ཕྲན་ལྷོད་ཀྱིས་བཞུར། །
ཤིང་དང་ལྗོན་པ་ཚར་དུ་དངར། །
ཁུ་བྱུག་གསུང་དབྱངས་ཕྱོགས་བཞིར་གྲགས། །
ངོ་མཚར་མཛེས་སྡུག་ཀུན་ནས་མཚར། །
ཉི་མ་ནུབ་རིར་བཞུད་པའི་རྗེས། །
མཚན་མོའི་ཟླ་བ་གོར་ཞིང་གསལ། །
རླུང་བུ་འཇམ་པོ་དལ་གྱིས་ལྡང་། །
སེམས་པ་ངལ་གསོའི་ལས་ལ་ཞུགས། །
ཟླ་འོད་མག་མོག་འཆར་བའི་འོག །
ཚོགས་དྲུག་སྣང་བའི་རི་མོ་བཀྲ། །
ཡིད་འོང་ལྷིང་འཇགས་ལྷོད་ཀྱིས་སྦྱིན། །
འཚོ་བའི་གྲུ་ཟུར་འོད་ཀྱིས་ཁྱབ། །
དབྱར་གསུམ་ས་གཞིར་དྲོད་ཁོལ་རྒྱས། །
བདེ་སྣང་གཟི་སྟོབས་མངར་མོའི་ཁྲོད། །
སྙན་ངག་མཛའ་གླུ་སྙན་མོ་དེ། །
མགྲིན་པའི་ཀློང་ནས་ཐོལ་གྱིས་རྡོལ། །
点赞
收藏