ངས་ཁྱོད་ལ་སྐར་མ་ཞིག་སྟེར།
སྐར་མའི་མིང་ལ་སྨིན་དྲུག་ཟེར།
མཚན་མོའི་ཡོལ་བ་འཕྲད་པར་སྒུག་རྗེས།
སྨིན་དྲུག་ཁོ་ནས་ཁྱོད་ལ་འདུག་རོགས་བྱེད་ངེས།
ཁྱོད་ཀྱི་སྐྱོ་སྣང་ཡོད་ཚད། སྨིན་དྲུག་ལ་བརྗོད་ཆོག
ངས་ཁྱོད་ལ་སྐར་མ་ཞིག་སྟེར།
སྐར་མའི་མཚན་ལ་སྨིན་དྲུག་ཟེར།
མུན་རུབ་ནས་ཁེར་རྐྱང་དུ་འཚོ་དུས།
སྨིན་དྲུག་ཁོ་ནས་ཁྱོད་ལ་སྙན་ངག་འབྲི་སྲིད།
ཁྱོད་ཀྱི་མ་རྙེད་པའི་ལས་འཕྲོ། སྨིན་དྲུག་གིས་བཙལ་ཡོང་།
ངས་ཁྱོད་ལ་སྐར་མ་ཞིག་སྟེར།
སྐར་མའི་རུས་མིང་ལ་སྨིན་དྲུག་ཟེར།
ཐོབ་ཤོར་གྱི་རིའི་ཉག་ག་བརྒྱུད་རྗེས།
སྨིན་དྲུག་ཁོ་ནས་ཁྱོད་ལ་ཁྲེལ་མེད་མི་བྱ།
ཁྱོད་ཀྱི་དྲི་བ་མཐའ་དག སྨིན་དྲུག་ལ་འདྲི་ཆོག
ངས་ཁྱོད་ལ་སྐར་མ་ཞིག་སྟེར།
སྐར་མའི་པུར་མིང་ལ་སྨིན་དྲུག་ཟེར།
མི་དག་ལ་ཡིད་ཆེས་མེད་པར་གྱུར་རྗེས།
སྨིན་དྲུག་ཁོ་ནས་ཡིད་རྟོན་གྱི་སྡོམ་པ་བསྲུང་ངེས།
ཁྱོད་ཀྱི་གསང་བ་མ་ལུས། སྨིན་དྲུག་ལ་བཤད་ཆོག
ངས་ཁྱོད་ལ་སྐར་མ་ཞིག་སྟེར།
སྐར་མའི་མིང་ལ་སྨིན་དྲུག་ཟེར།
点赞
收藏