首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > རྩོམ་རིག

༄༅། ། ས་སྲོད་ཁྲོད་ཀྱི་གླུ་དབྱངས། གློག་འོད་ཀྱིས།

2024-09-25 10:52:43

作者

评论
0

སྔོ་བསངས་ནམ་མཁའ་གཡུ་ཡི་མེ་ལོང་ངོས། །

མཚམས་སྤྲིན་དམར་པོའི་འོད་མདངས་རྣམ་པར་བཀྲ། །

ནུབ་རིའི་ཕྱོགས་སུ་སྙེག་པའི་མཁའ་ནོར་གྱི། །

འོད་ཀྱི་སྐུད་པ་འཁོར་བའི་གྲོང་ནས་ཆོད། །


བསིལ་འཇམ་རླུང་བུ་རྒྱུ་བའི་འཁོར་ཕྱོགས་ཀྱིས། །

རྩྭ་ལྗང་ལོ་མས་བདག་ལ་བྱིལ་བྱིལ་བྱས། །

དལ་འབབ་ཆུ་བོའི་བཞུར་སྒྲ་ལྷང་ལྷང་ཁྲོད། །

སྔར་བཞིན་བསྐྱོད་པའི་བྱ་ཁྱུ་ཚང་དུ་ལོག །


གྲོང་ནས་འཕྱུར་བའི་དུ་ཞགས་བར་སྣང་བསྒྲིབས། །

ཕྱུགས་ཟོག་ཁྱུ་རེ་རང་ཁྱིམ་ཕྱོགས་སུ་རྒྱུ། །

བྲེལ་བས་བཞུད་པའི་འགྲུལ་པ་རིམ་གྱིས་ཉུང་། །

ས་སྲོད་སྣང་བ་དལ་གྱིས་མདུན་དུ་སླེབས། །


རྒྱང་ན་འགྱིང་བའི་ལྷུན་པོའི་དབུ་རྩེ་རུ། །

ཉི་ཟེར་ལྷག་མས་ཡང་ཡང་འཁྱུད་པ་དང་། །

ཕྱོགས་སུ་རྐྱོང་བའི་ལམ་འགྲམ་ལྗོན་པའི་ཚོགས། །

དྲི་བཞོན་རླུང་བུའི་གར་དུ་ལྡེམ་ལྡེམ་གཡོ། །

གཅིག་པུར་སྲང་ལམ་ཉུལ་བའི་ཁོ་བོ་ནི། །

གོས་ཀྱི་སྣེ་མོ་ལྷབ་ལྷུབ་སྐྱོད་བཞིན་དུ། །

ལྗོན་པའི་ཁྲོད་ན་ཟུག་པའི་ལམ་བུ་བརྒྱུད། །

དབེན་ཞིང་ཉམས་དགའི་ལྗོངས་སུ་སླར་ཡང་བཞུད། །


ཡུལ་འདིའི་བྱིའུ་ཁྱུས་ཟང་ཟིང་སྐད་སྙན་འབྱིན། །

གསོམ་ཤུག་ལོ་མའི་དྲི་བསུང་ཕྱོགས་ཀུན་འཐུལ། །

འདུ་འཛིའི་བྱ་བ་སྟོངས་པའི་དབེན་གནས་འདི། །

བདག་ཉིད་རབ་ཏུ་དགྱེས་པའི་ཞིང་མཆོག་ལགས། །


དལ་བུར་མཚན་སྨག་ཡོལ་བས་བསྒྲིབས་པ་ཡིས། །

གླིང་མདའི་སྣང་བ་སྔར་ལས་ལྷིང་ཞིང་འཇགས། །

རིམ་གྱིས་འཚེར་བའི་མཁའ་དབྱིངས་སྐར་མའི་ཚོགས། །

ཤར་གྱི་ཐིག་ལེ་མཉམ་དུ་ཡུལ་འདིར་བསླེབས། །

ཟླ་འོད་གླན་པའི་སྔས་མགོ་སྔར་ལས་འཇམ། །

དགོང་ཁའི་བསེར་མོས་མེ་ཏོག་དྲི་བསུང་ཀུན། །

སྒེའུ་ཁུང་ཕྱོགས་སུ་བསྐྱོད་པ་སྣ་ལམ་སིམ། །

ཨེ་མ་ཡུལ་འདིའི་ངོ་མཚར་བརྗོད་མི་ལང་། །


འཇིག་རྟེན་བྱ་གཞག་གཡོ་བའི་ན་བུན་བཞིན། །

སེམས་ཀྱི་གཏོད་སོ་དག་ཀྱང་སྤུ་ཙམ་དབེན་གྱུར་ཏེ། །

དོན་མེད་སྟོང་བས་བསླུ་བྲིད་མི་འདོད་པས། །

བཅོས་མིན་ངེས་འབྱུང་ཞིག་ཀྱང་གཏིང་ནས་སྐྱེས། །


འདི་ལྟར་སྐྱིད་ལ་སྡུག་གི་འཆར་ཡན་གྱིས། །

ཁོ་བོ་ཞི་འཇམ་རྨི་ལམ་ལྗོངས་སུ་ཁྲིད། །

དེ་རུ་ཅི་དགའ་སྣང་བའི་རོལ་རྩེད་ཀྱིས། །

ཡང་གཅིག་རྫོགས་ལྡན་གསར་པའི་དུས་སྟོན་རོལ། །


点赞

收藏

评论
已输入0
全部评论
加载更多评论