首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > རྩོམ་རིག

༄༅། ། མུན་སེལ་སྒྲོན་མེ། ཁམས་འོད་གསལ་གྱིས།

2024-10-10 10:42:48

作者

评论
0

ཚེ་ཡི་བརྒྱུད་རིམ་རླུང་ནང་མར་མེ་བཞིན། །

སྐད་ཅིག་ངང་དུ་མི་སྡོད་ཟད་ནས་འགྲོ། །

ཚེ་ཡི་ནོམ་ཆེན་ངལ་མེད་སྩོལ་བའི་མགོན། །

དགེ་རྒན་དྲིན་ཆེན་མུན་སེལ་སྒྲོན་མེ་ཡིན། །


རྒྱུད་ལ་ཡོད་པའི་ཡང་སྙིང་ཡོད་དོ་ཅོག །

དྲིན་ཆེན་ཞིག་གིས་གནང་བ་ཅིས་མ་ཡིན། །

ལས་སྐལ་ནང་ནས་འཕྲད་པའི་སྒྲོན་མེ་སྟེ། །

རྨོངས་མུན་སེལ་བ་རྟག་ཏུ་ང་ཡི་སྐྱབས། །


ཀ་ཁའི་འབྲི་ཀློག་བྱེད་པ་པོ་ཡིས་ཁྲིད། །

རིགས་ལམ་དྲང་པོ་བྱེད་པ་པོ་ཡིས་སློབ། །

གཞུང་གི་སྙིང་པོ་བྱེད་པ་པོ་ཡིས་སྩོལ། །

བྱེད་པོ་མཆོག་སྟེ་དགེ་བའི་བཤེས་གཉེན་ནོ། །


རྣམ་པར་དཔྱོད་པའི་བློ་གྲོས་མཆོག་མངའ་བ། །

རྒྱུས་མེད་ཡུལ་ནས་ཤེས་རབ་ལམ་བསྟན་པ། །

སློབ་བུའི་འོས་འགན་ཁུར་ཆེན་ཁུར་བ་པོ། །

དགེ་རྒན་དམ་པ་ཚེ་འདིའི་རིན་ཆེན་མཆོག །


རྟུལ་ཕོད་བྲལ་བའི་འདུ་ཤེས་མངའ་དུས་དེར། །

དཔྱོད་ཤེས་དབེན་པའི་ལོ་ཟླ་མཐའ་མེད་ལ། །

ཤེས་འཇོན་དཀོན་པའི་མི་ཡུལ་ས་མཐའ་རུ། །

བཤེས་གཉེན་དམ་པའི་ལམ་བསྟན་ཤིན་ཏུ་མཁོ། །

འཇིག་རྟེན་འདི་རུ་ང་རང་རྨོངས་ནས་སྒུར། །

རྨོངས་པའི་མུན་པ་ཤེས་རབ་སྒྲོན་མེས་བསལ། །

སྔོན་གྱི་སྨོན་པས་གཏི་མུག་གཉིད་ལས་སློང་། །

མུན་པ་སེལ་མཁན་དགེ་རྒན་སྒྲོན་མེ་འདྲ། །


གཤིས་ལ་གྲུབ་པའི་རྣམ་དག་སྤྱོད་པ་ཀུན། །

སྒྱུར་བཅོས་ཟབ་གཏོང་ཡང་དག་ལམ་ལ་འདྲེན། །

གཞན་ཕན་ཁུར་ཆེན་ལྕི་བའི་དམ་པ་ཡིས། །

ངལ་མེད་ངང་ནས་སྐྱོང་བ་དྲིན་ཆེན་ཡིན། །


ཉིན་མོའི་ཟས་དང་མཚན་མོའི་གཉིད་ཆག་སྟེ། །

སློབ་བུའི་ཚོགས་ཀྱི་ལམ་སྣེ་དྲངས་པའི་མགོན། །

སྒྲོན་མེ་ཞིག་ལ་དཔེ་རུ་བླངས་ཀྱང་རུང་། །

དཔེ་དེས་ཡོད་ཚད་མཚོན་པ་དཀའ་བར་གྱུར། །


ཆུང་ནས་ད་བར་དགེ་རྒན་སྣ་ཚོགས་འཕྲད། །

རང་གིས་མ་འཇོན་འདི་ལྟར་ལུས་པ་ལས། །

དགེ་རྒན་ཡོངས་ཀྱི་སྐུ་དྲིན་གཞལ་དུ་མེད། །

སྙིང་གི་དབུས་ནས་བཀའ་དྲིན་ལན་བརྒྱ་ཞུ། །


ཚེ་རབས་འདི་ལ་ཐོས་ནོར་སྩོལ་བའི་མགོན། །

ཚེ་རབས་གཏན་དུ་ཡང་ཡང་འཕྲད་པ་ནས། །

ཚེ་ཡི་འདུ་བྱེད་སྔར་ལས་གསལ་བའི་ངང་། །

ཚེ་རིང་ལོ་བརྒྱ་སེམས་གཏིང་སྨོན་ལམ་ཡིན། །


点赞

收藏

评论
已输入0
全部评论
加载更多评论