རླུང་གིས་ཁྱེར་བའི་རྣམ་ཤེས་འཁྱམ་པོ་ཞིག །
གང་ལ་གནས་རྟེན་མེད་པར་རྒྱུ་བའི་དུས། །
བྱམས་བརྩེའི་མངལ་སྦུབས་སྟོང་པའི་ཁམས་ཆེན་དེར། །
རང་གི་ཟུངས་ཁྲག་དྭངས་མས་ཐོག་མ་གསོས། །
ཐུ་བས་མི་ཁེབས་གསུས་པ་ཉིན་རེར་སྦོས། །
ན་ཟུག་དུ་མས་ལུས་ཀྱི་ཕྱོགས་ཀུན་མནར། །
གོམ་ཁ་ལྗིད་མོས་འགྲོ་འདུག་བྱེད་དཀའ་ཡང་། །
གཞིས་འདིའི་ཙག་ཙིག་ལས་ཀ་ཞོར་དུ་བསྒྲུབས། །
མནོལ་ཐུར་དྲི་མས་དཀར་འཇམ་ཞལ་ངོ་བསྒྲིབས། །
བཅུད་ལྡན་ཟས་ལ་རོལ་བའི་ཡི་ག་འགགས། །
ཅུང་ཟད་མི་བདེའི་སྣང་བ་བྱུང་གྱུར་ན། །
སེམས་ཁྲལ་ཆེན་པོས་ལྟོ་བར་ཡང་ཡང་རེག །
འདི་ལྟར་ཟླ་དགུ་ཞག་བཅུའི་དཀའ་སྡུག་ཁྲོད། །
ཁོ་བོའི་ཚེ་སྲོག་གསོན་ཤུགས་རིམ་རྒྱས་ཤིང་། །
ཨ་མའི་དགའ་སྡུག་སྟོང་གི་རེ་སྨོན་ལས། །
ངུ་སྐད་འཐེན་བཞིན་ག་ལེར་ས་ལ་བབས། །
དེ་ནས་རེག་འཇམ་བལ་གོས་དྲོན་མོའི་ནང་། །
ཤིན་ཏུ་ཆུང་བའི་ཁོ་བོ་གཅུད་བྱས་ཏེ། །
བྱམས་ལྡན་མ་ལོས་བྱམས་པའི་སེམས་པ་ཡིས། །
འགུགས་ལུགས་ལྷོད་པོས་ཨོ་ལོ་འཐེན་བཞིན་བསྙལ། །
ཨ་མའི་ཞལ་ངོ་དྭངས་མོ་ཐོག་མ་ནས། །
འཛུམ་གྱིས་ཁེངས་པ་ཁོ་བོའི་མིག་ལ་ཐོགས། །
ཨ་མའི་སྐད་གདངས་དང་པོ་དེ་ཉིད་ནས། །
གཅེས་ཤིང་འཇམ་པ་ཁོ་བོའི་རྣ་ལ་ཐོས། །
ཨ་མའི་མདུན་དུ་ལྷུག་ལྷུག་དགོད་ཤེས་དུས། །
ཨ་མ་དགའ་བས་མཆུ་འདབ་གང་སར་སྦྱར། །
ཨ་མའི་སྔུན་ནས་པྲ་ཚག་བྱེད་ཤེས་དུས། །
ཨ་མ་སྤྲོ་བས་མོད་ལ་དགོད་ཀྱང་ཤོར། །
ཨ་མ་གར་བསྡད་མིག་གིས་འཚོལ་ཤེས་དུས། །
ཨ་མས་ང་ལ་ལྡེམ་ལྡེམ་བྲོ་གར་འཁྲབ། །
ཨ་མ་གར་སོང་རྗེས་སུ་སྙེག་ཤེས་དུས། །
ཨ་མས་ང་ལ་སྙན་པའི་གླུ་དབྱངས་ལེན། །
དགོང་ཁར་གཅེར་བུར་ཡར་མར་རྒྱུགས་རྒྱུགས་མཐར། །
འཁྱག་པའི་ངང་ལ་ཨ་མའི་རུམ་ནང་འཛུལ། །
དྲིན་ཆེན་མ་ལོའི་ཕོ་བའི་དྲོད་ཤ་དེ། །
ཁོ་བོའི་ཨོང་ཤར་གླན་པ་བདེ་བའི་མཆོག །
ཨ་མའི་སྐྲ་ཉག་རེ་རེ་སྤར་མོས་བཏོགས། །
ཨ་མའི་ནུ་ཏོག་སོ་ཡིས་ཟུག་གཟེར་བཏང་། །
ཨ་མ་མ་ལོར་མནར་སྡུག་ཅི་བཏང་རུང་། །
ཨ་མའི་བཟོད་སེམས་སྤུ་ཙམ་གཡོ་བ་མེད། །
ཨ་མའི་པང་དེ་ཡངས་པོའི་ས་ཆེན་འདྲ། །
ཁོ་བོར་ཅི་དགའ་འབྱུང་བའི་གཏེར་མཛོད་ཡོད། །
ཨ་མའི་ནུ་ཞོ་དྭངས་གཙང་ཆུ་ལས་ལྷག །
འཐུངས་ཤིང་འཐུང་བཞིན་ལུས་ཀྱི་སྐྱེ་སྟོབས་འཕེལ། །
ཨ་མའི་ངག་གི་འདབ་མའི་རྩེ་མོ་རུ། །
ཟོལ་མེད་ཚིག་གི་ཟེའུ་འབྲུ་རེ་རེ་ཆགས། །
ཨ་མའི་ཐུགས་ཀྱི་བཀོད་པ་རེ་རེ་ཡིས། །
ཁོ་བོའི་མི་ཚེའི་བཞུད་ལམ་སྟར་ལ་བསྒྲིགས། །
ཉིན་དང་ཟླ་ལམ་ཇི་ལྟར་མྱུར་ན་ཡང་། །
ཨ་མའི་ཐུགས་འདུན་སྐད་ཅིག་བྲལ་བ་མེད། །
མི་ཡི་གདུག་སེམས་ཇི་ལྟར་རྒོད་ཀྱང་ཆོག །
ཨ་མའི་བྱམས་བརྩེ་ནམ་ཡང་འཇམ་པོ་ཡིན། །
点赞
收藏