首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > རྩོམ་རིག

༄༅། ། སྟོན་དུས་ཀྱི་སྨྲེང་གླུ། དམར་ཁ་ཚས།

2024-10-21 11:55:21

作者

评论
0

སྤྲིན་ནག་ལྡང་བའི་ཤུལ་ན་གློག་ཞགས་མེད་ཅིང་། །

གྲུ་ཆར་འཇོ་བའི་རྗེས་སུ་འཇའ་ཚོན་དབེན་པ། །

དབྱར་གཞུང་ནམ་ཟླ་ཡལ་བའི་སྟོན་གྱི་དུས་འདི། །

དྲན་པའི་ཀློང་དུ་འཁོར་ན་ཞེ་རེ་སྨྲེང་ཨང་། །


སྔོ་ལྗང་སྤང་ཁའི་ཁ་དོག་གང་དུ་ཡལ་བས། །

རི་དྭགས་རྩྭ་ཆུ་འཛོམས་པའི་རྩེད་འཇོ་མི་མཐོང་། །

མེ་ཏོག་ལང་ཚོ་རྒས་པའི་སྟོན་གྱི་དུས་འདིར། །

གཡུ་སྦྲང་བུང་བ་མ་བཞུགས་གང་དུ་ཕེབས་སམ། །


ཁུ་བྱུག་མོན་ཡུལ་ལོག་པས་འཇོལ་མོ་སྐྱོ་སོང་། །

སྤང་ལྗོངས་མཛེས་སྡུག་ཡལ་བས་ང་རང་སྐྱོ་བྱུང་། །

སྡོང་ལོ་ས་རུ་ཐོར་བའི་སྟོན་གྱི་དུས་འདིར། །

ང་དང་འཇོལ་མོའི་སྐྱོ་གདུང་སུ་ཡིས་སེལ་ཨང་། །


མཚན་དགུང་རླུང་འཚུབ་ལྡང་བས་སྐར་ཚོཌ་འདར་བྱུང་། །

མཁའ་ལམ་ཟླ་བ་མཐོང་ཡང་སྐྱོ་སྣང་འདྲེན་ཡོང་། །

ཡོད་ཚད་གདུང་བ་འདྲེས་པའི་སྟོན་གྱི་དུས་འདིར། །

སེམས་ཆུང་ངུ་བའི་ཟུག་གཟེར་ཇི་ལྟར་བཟོད་ཨང་། །

སྤང་གཞོངས་ནོར་གྱིས་ཁེངས་རུང་མིག་དབང་མི་འཕྲོག །

ལུག་ཁྱུའི་འབའ་སྒྲ་ཐོས་ཀྱང་ང་སེམས་མི་འགུལ། །

སུན་སྣང་ན་བུན་སྟུག་པའི་སྟོན་གྱི་དུས་འདིར། །

ཕྱི་ནང་གང་ལ་བལྟས་རུང་སྐྱོ་ཉམས་ཆེ་བ། །


སྤྲིན་དཀར་ཚོམ་བུ་ཚོམ་བུར་རྒྱུ་བའི་དབུས་ནས། །

ཉི་ཟེར་ས་རུ་འཕྲོས་པ་དྲོད་འཇམ་མིན་པས། །

སྤང་ལ་བ་མོ་ཆགས་པའི་སྟོན་གྱི་དུས་འདིར། །

གྲང་ངད་དལ་གྱིས་སླེབས་པས་སེམས་པ་འཁྱགས་སོང་། །


དཔྱིད་ཀྱི་དཔལ་ཡོན་བསུ་དུས་སྣང་བ་སྐྱིད་ཨང་། །

དབྱར་གྱི་མཛེས་སྡུག་རོལ་དུས་སྤྲོ་བས་ཁེངས་ཡོང་། །

དགུན་ཟླ་རིང་མོ་བསུས་པའི་སྟོན་གྱི་དུས་འདིར། །

སེམས་ཆུང་སྨྲེང་བའི་གླུ་འདི་ངང་གིས་ཤོར་སོང་། །


点赞

收藏

评论
已输入0
全部评论
加载更多评论