ས་འཛིན་བུ་མོའི་མཛེས་པ་ཀུན་བརྟས་པའི། །
ཀུན་གསལ་ཞལ་ཁྱོན་འཕྲོས་འདྲའི་དབྱར་ཁའི་དཔལ། །
སྣང་བྱེད་སྲིན་མོས་མ་བཟོད་སྙེམས་བགྱིས་ཏེ། །
ཚ་ཟེར་འོད་ཀྱིས་རྒོལ་བ་ཡིན་ནམ་ཅི། །
མཐའ་ཡས་མཐོན་མཐིང་ནེའུ་གསིང་ཡངས་པའི་གཞིར། །
འབྲས་ལྡན་དུས་ཚིགས་གསེར་མདོག་གོས་ཀྱིས་བཀླུབས། །
མཐོང་ཚེ་མིག་གི་དགའ་སྟོན་ཆེ་མོད་ཀྱང་། །
དོན་དམ་དུས་ཚིགས་ཤིག་གི་ཚེ་མཇུག་ལགས། །
དཔྱིད་ཀྱི་ཕོ་ཉ་མོན་ཡུལ་ཕྱོགས་སུ་བཞུད། །
ཆུ་སྐྱེས་ལང་ཚོས་མི་རྟག་ཡང་ཡང་འཆད། །
གཡུ་སྦྲང་གཞོན་ནུ་སྣང་བྱེད་ཡུལ་ལས་འདས། །
སྟོན་མཚན་ཟླ་བས་སྐྱོ་བའི་འོད་ཞགས་འཁྱུག །
རྩྭ་ཕུང་བད་ཀྱི་ལྕི་བ་མིག་ལ་གཟན། །
ཐང་བཞུད་རྡོག་པའི་སག་སྒྲ་རྣ་བར་གཟན། །
ཞོགས་ཀའི་གཟུགས་མེད་ལྷགས་རླུང་ལུས་ལ་གཟན། །
སྟོན་ཀའི་གཟན་ལམ་རྒལ་བའི་རི་འདི་བརྗིད། །
ཀྱེ་མ་གྲང་ངད་མཆེ་སྡེར་ཆེར་གཙིགས་པའི། །
དགུན་ཁས་སྐྱོ་བའི་ས་འཛིན་ཉམས་བྱེད་མོད། །
བརྟན་གཡོའི་འབྲས་ལྡན་ཁུར་གྱིས་ཡོངས་དུད་པའི། །
སྟོན་ཁས་ཁོ་བོ་གདུང་བ་བྱེད་དོན་ཅི། །
点赞
收藏