གནམ་སྔོན་པོ་གཡུ་ཡི་བླ་བྲེ། །
བྱ་གཤོག་ཐོགས་གར་ལ་རྩེན་ས། །
སྤྲིན་ནག་པོའི་ཡོ་ལོང་མ་རྒྱས།
དགུང་ཉི་ཟླའི་འོད་སྣང་བར་ན། །
ལོ་གཞོན་པའི་རྨི་ལམ་རྨིས་ཡོད། །
ངའི་ལྷ་བྱ་ཁྲུང་ཁྲུང་དཀར་མོ། །
དགུང་གནམ་འཕང་བཅད་ནས་མ་འགྲོ། །
མཐོངས་འདི་ལ་ལྡིང་སྐོར་རྒྱག་རོགས། །
དགུང་གནམ་འཕང་བཅད་ནས་སོང་ན། །
དགུང་ཉི་མ་མཁའ་ནས་ཤར་ཡང་། །
ས་དོག་མོ་དྲོས་ས་མ་རེད། །
རི་མཐོན་པོ་གནམ་གྱི་ཀ་བ། །
གཡུང་རི་དྭགས་བག་ཕེབས་རྒྱུ་ས། །
རྡོ་གཡའ་མས་ཕྱི་ནང་མ་བཏུམས། །
གསོས་བདུད་རྩི་ཆུ་མིག་ཁྲོད་ན། །
ལོ་གཞོན་པའི་ལང་ཚོ་ལུས་ཡོད། །
ངའི་རི་དྭགས་ཤ་བ་ཡུ་མོ། །
རི་ཉག་ག་བརྒྱུད་ནས་མ་འགྲོ །
གནས་དབེན་པའི་སྐྱིབས་ལ་བཞུགས་རོགས། །
རི་ཉག་ག་བརྒྱུད་ནས་སོང་ན། །
རི་ལྷུན་པོ་སྨྲེང་བའི་ཟོལ་གྱིས། །
དབུ་སྨུག་པས་བཏུམས་ན་འགྱོད་སོང་། །
མཚོ་ཆེན་པོ་གཡུ་ཡི་མེ་ལོང་། །
ཉ་གསེར་མིག་འཁྱུག་རྩལ་ངོམས་ས། །
འོག་རྨང་གཞི་བྲག་གིས་བཟུང་ཡོད། །
མཚོ་སྔོན་པོའི་རླབས་རྒྱུན་ཁྲོད་དུ། །
ལོ་གཞོན་པའི་སེམས་པ་ཆགས་ཡོད། །
ངའི་གསེར་མིག་ཉ་མོ་ཆུང་ཆུང་། །
མཚོ་བསྐྱུར་ནས་ཀླུང་ལ་མ་འགྲོ །
མཚོ་འདི་ལ་རྟག་ཏུ་འཁོར་རོགས། །
མཚོ་བསྐྱུར་ནས་ཀླུང་ལ་སོང་ན། །
ཉ་འདབ་ཆགས་མེད་པའི་མཚོ་མོ། །
གཏིང་ཟབ་རུང་སྙིང་པོ་མི་འདུག །
ཐང་ཡངས་མོ་ལྗང་མདོག་རྩྭ་ཐང་། །
འབྲི་ཐུལ་མའི་འཕེལ་ཁ་དར་ས། །
འདམ་ཚེར་མའི་གཞིས་སྒར་མ་ཡོད། །
སྤང་ཁྲ་ཚོམ་མེ་ཏོག་གསེང་དུ། །
ལོ་གཞོན་པའི་སྣང་བ་བཀྲ་ཡོད། །
ངའི་གཡང་ཟོག་ཟླ་བའི་འཛི་ཅན། །
ཐང་གཡེལ་མོ་བསྐྱུར་ནས་མ་འགྲོ། །
རྩྭ་རྩི་ཐོག་དཀྱིལ་ལ་འཁོར་རོགས། །
ཐང་གཡེལ་མོ་བསྐྱུར་ནས་སོང་ན། །
རླུང་ལྷགས་པས་འདབ་མ་བསྒུལ་ཏེ། །
སྤང་མེ་ཏོག་རྙིད་ལ་ཤོར་འགྲོ །
点赞
收藏