ཁྲ་ཚོམས་སྐར་མའི་ཚོགས་ཀྱི་གཞས་ཡས་ན། །
འོད་ཀྱི་རང་མདངས་གསལ་བའི་རྒྱུ་སྐར་ཏེ། །
མཚན་གྱི་རྨི་ལམ་སྲུང་བའི་བཅོ་ལྔའི་ཟླ། །
ང་དང་ཀུ་མུད་བར་གྱི་གསང་བ་ཡིན། །
ཞིམ་མངར་དྲི་བསུང་འཐུལ་བའི་སྐྱེས་ཚལ་ན། །
མཛེས་པའི་ཞལ་འདབ་གྲོལ་བའི་མེ་ཏོག་སྟེ། །
ཕྱི་ནང་ཀུན་གྱི་ལོངས་སྤྱོད་པདྨ་དཀར། །
ང་དང་རྐང་དྲུག་བར་གྱི་གསང་བ་ཡིན། །
སྔོ་ལྗང་ལོ་འདབ་རྒྱས་པའི་དཔྱིད་དུས་སུ། །
སྙན་འཇེབས་གཞས་ཆུང་འཐེན་པའི་བྱེ་ཆུང་སྟེ། །
དཔྱིད་ཀྱི་མགྲོན་ཆེན་བསུ་བའི་བྱ་ཁུ་བྱུག །
ང་དང་འཇོལ་མོའི་བར་གྱི་གསང་བ་ཡིན། །
སྤྲིན་དཀར་བང་རིམ་བརྩེགས་པའི་གཡས་ཟུར་གྱི། །
དྲོད་འཇམ་ཟེར་བརྒྱ་འཕྲོས་པའི་འོད་པོ་ཆེ། །
སེར་པོ་གསེར་གྱི་མདོག་ཅན་རྟ་བདུན་པ། །
ང་དང་པདྨའི་བར་གྱི་གསང་བ་ཡིན། །
མཚན་གསུམ་ཟླ་བ་དཀར་པོའི་བསིལ་འོག་ནས། །
སྙིང་གཏམ་ཚིག་གི་རོལ་མོ་བསྒྲགས་པའི་དུས། །
མཛེས་མཛེས་བཞིན་རས་དམུལ་བའི་འཛུམ་ཆུང་མ། །
ང་དང་ཁོ་མོའི་བར་གྱི་གསང་བ་ཡིན། །
点赞
收藏