སྟོན་ཁའི་མཛེས་སྡུག
སྟོན་ཟླ་འགོ་མ།
སྡོང་ལོ་དང་རྩྭ་ལྗང་གི་པང་ན།
དུང་དཀར་གྱི་ཕྱེ་མ་འཐོར་བ་ལྟར།
དཀར་སངས་སངས་ཀྱིས་ཆགས་པ་ནི།
སྟོན་གྱི་བ་མོ་རེད།
ཆེས་ཐོག་མའི་ཉི་མའི་དབུ་རྒྱན་ཞིག་བསྣམས་ནས།
ཡུལ་ལུང་འདིར།
ལྟ་མི་བཟོད་པའི་མཛེས་སྡུག་གི་འོད་སྣང་འཕྲོ་བྱུང་།
སྟོན་ཁ། ཁ་བ་མ་འབབ་པའི་སྔོན་དུ།
གསེར་མདོག་གི་ལོ་མ་ཕོན་པོ་ཞིག
བསིལ་རླུང་གི་མདུན་དུ་རྒྱུགས་ནས།
དུངས་སེམས་ཀྱིས་ཁྱོད་ལ་ཡང་ཡང་འཐམས་ཏེ།
སྤྲོ་སྣང་གི་ལྡིང་སྐོར་བྱེད་པ་འདི།
སྟོན་གྱི་ལོ་མ་རེད།
སྟོན་ཁའི་ལྷིང་འཇགས།
ལ་ལུང་ཀུན་སྨུག་པས་ཟིན་དུས།
ཆུ་ཕྲན་གྱི་བཞུར་སྒྲ་ལས་ཅི་ཡང་མི་ཐོས།
སྟོན་ཁ། མེ་ཏོག་གི་འདབ་མ་ཕྱོགས་སུ་འཐོར་རྗེས།
རྩྭ་སྐྱ་ཡི་སྨྲེང་གླུ་རིང་མོ།
རི་སྒང་གི་ཡང་རྩེ་ནས་གྱེར་བྱུང་།
སྟོན་ཁ། ཉི་མའི་འོད་སྣང་འཁྱག་སིབ་སིབ།
རླུང་བུའི་རེག་བྱ་གྲང་ལྷང་ལྷང་ཁྲོད།
མི་ཚོགས་ཀྱི་རྦ་རླབས་ཀྱང་དལ་གྱིས་འཇགས་སོང་།
དལ་གྱིས་ཡལ་བའི་སྟོན་ཁ།
གྲང་ངད་ཀྱི་རྣོ་དབལ་ཐོགས་པའི་རླུང་བུ་དེས།
སྡོང་པོ་ཞིག་ལ་སེན་འབྲད་བྱས་ཏེ།
ཉག་ཕྲ་བའི་ལོ་མ་དག་སྨིན་རྒྱུན་བཅད་སོང་།
དུས་ཚོད་ཀྱི་སྐར་ཆ་རེ་རེ་ལ།
ལོ་མ་འདི་དག་དལ་གྱིས་མར་ལྷུང་གིན་འདུག
བྱ་ཁྱུས་གཤོག་པ་བརྐྱངས་ཏེ་གནམ་འཕང་གཅོད་དུས།
ཉི་འོད་ཀྱི་སྐྱོ་འཛུམ་ནུབ་རི་ལ་ཡིབ་དུས།
སྟ་གོན་ཅི་ཡང་མེད་པའི་ལོ་འདབ་མང་པོ་ཞིག
ཧ་ཅང་བསིལ་བའི་རླུང་བུ་དེས།
རྒྱང་རིང་རྒྱང་རིང་ཞིག་ལ་འཁྱེར་སོང་།
ཁ་བའི་འདབ་མ་ཡང་དལ་གྱིས་བཞད་བྱུང་།
点赞
收藏