首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > རྩོམ་རིག

༄༅། ། སྟོན་ཟླ་དགུ་པའི་ཕ་ཡུལ། རྒུན་ཆང་གིས།

2024-11-18 12:37:02

作者

评论
0

རྩྭ་མགོའི་ཟིལ་པ་འོད་ཀོར་ཕྲོམ་ཕྲོམ། །

རི་ལུང་ཁ་མདོག་སེར་ཐིགས་ལྷུང་ཡོད། །

དོ་ཚིགས་སོས་ཀར་བཏབ་པའི་ས་བོན། །

སྨིན་པའི་ཁོ་ལག་ཡོངས་སུ་རྒྱས་འདུག །

ཤར་རིའི་ཕྲག་གི་སྤྲིན་དཀར་དམ་དུམ། །

རླུང་ཡན་གང་གིས་དེད་པ་མིན་ཡང་། །

སྤང་ལྗོངས་མེ་ཏོག་ཁྲ་ཆིལ་དགུ་ཆིལ། །

སྲོད་ཞོགས་ག་དུས་ཡལ་བར་མ་ངེས། །

ཐོག་སེར་འཚུབ་མའི་ངན་དང་མ་སྡང་། །

ཆུ་མོའི་བཞིན་ལ་ལྷོད་ཅིང་བབས་སོང་། །

ཆར་འཇམ་སྒེག་མོ་རྒྱང་དུ་གྱེས་ཀྱང་། །

དཀར་གཙང་ཁ་བས་འདབ་མར་བརླན་ཆོག །

ཁྲ་ཁྲའི་ཚོན་མདངས་ཉམས་པའི་ཤུལ་དུ། །

སྤང་རྒྱན་སྤང་ནས་བཞད་ཚུལ་ཡག་པ། །

གཞན་གསོའི་མགྲིན་གླུ་གུད་པའི་འཕྲལ་དུ། །

ཁང་བྱེའུ་ཀྱུར་ཀྱུར་འགྱུར་དབྱངས་སྙན་པ། །

སྟོན་ནམ་རིང་མོ་ཁུག་པ་བཅོ་བརྒྱད། །

འཇིག་རྟེན་ཡོངས་རྫོགས་འདུར་བྲེལ་ལོང་ལོང་། །

བྲག་སྐྱིབས་འོག་གི་ཁུག་རྟ་མ་བུའི། །

ཚང་མལ་ཆུང་ངུ་གང་དུ་སྤོས་སོང་། །

ཡུལ་མིའི་གདོང་གི་རྔུལ་ནག་ཕྲོམ་མེར། །

དཀའ་ཚེགས་སྟོང་གིས་སུན་སོང་མ་གསུང་། །

འཛུམ་དཀར་རི་མོ་རྒོངས་ཀའི་ཟླ་འོད། །

ངལ་དུབ་བསྐྲད་པའི་ལྷགས་བསིལ་ཡིན་འགྲོ། །

གཞོན་ཆུང་སྣང་བ་དགུང་གི་ཆུ་འཛིན། །

ལང་ཚོའི་གླུ་སྒྲར་གསོན་ཤུགས་བརྟས་ཡོད། །

ན་ཆུང་ལྡེམ་ལྕུག་རྣང་ཞིང་སྙེ་མ། །

སྨིན་པའི་མཁུར་ཚོས་བྱུ་རུའི་མཚལ་ཁ། །

སྟོན་ཟླ་འདི་ནི་སྐྱོ་ཞེས་མ་སྨྲ། །

བཞོན་ཁྱུའི་ཤ་ཤེད་ངང་གིས་རྒྱས་ཡོད། །

སྟོན་ཁས་ཡོངས་རྫོགས་ཁྱེར་ཞེས་མ་ཤོད། །

དགུ་པའི་ཀླུང་ཐང་གསེར་ཆུས་བྱུགས་ཡོད། །


点赞

收藏

评论
已输入0
全部评论
加载更多评论