首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > རྩོམ་རིག

༄༅། ། ཚོར་བའི་མེ་ཏོག་སྐམ་པོ། རྫ་ཤུལ་བློ་བཟང་གིས།

2024-11-07 10:12:58

作者

评论
0

དབྱངས་འགྲོས་གསར་པ་ཞིག་ནི་མེད་པར་བྱས། ། 

གོམ་སྟབས་གསར་པ་ཞིག་ཀྱང་མེད་རྟགས་ཡིན། ། 

ན་ནིང་བྲིས་པའི་ཟླ་བ་སླར་ཡང་འབྲི། ། 

ཞེ་སེམས་གདུང་བས་མནར་བཞིན་འདི་ཡང་འབྲི། ། 


ལན་རེར་སེམས་ཀྱི་མཚོ་མོ་འཁྱིལ་བའི་དབུས། །  

ཟླ་བས་ང་ལ་ཁྲེལ་དགོད་བྱེད་ཀྱི་ཡོད། །  

ཐེངས་རེར་རྣམ་ཤེས་མཚོན་པའི་དབྱངས་རྟ་དེས། །

བསླུ་བྲིད་བཏང་བའི་རྣམ་འགྱུར་བསྟན་པ་འདྲ། ། 


བརྗོད་གཞི་གསར་པ་ཞིག་ནི་མ་རྙེད་པས། །  

གོ་རྟོགས་འདི་ལ་འཕེལ་རྒྱས་མེད་པས་རེད། །

ས་མཐར་འཁྱམས་པའི་ཤེས་མེད་བུ་ལོ་ངས། ། 

ད་ནི་ཅི་ཞིག་བྲིས་ན་དགའ་བར་སེམས། ། 


སྐབས་རེར་རང་སེམས་རང་གིས་མ་མཐོང་བར། ། 

ཚོར་བའི་མེ་ཏོག་སད་ཀྱིས་ཁྱེར་བ་བཞིན། ། 

འབྲི་བྱ་ཅི་ཡང་མེད་པས་སྟོང་འདང་བརྒྱབ། །

ཆང་གིས་བཟི་བའི་སྨྱོན་པ་ཞིག་དང་མཚུངས། ། 


དུང་གཞས་བརྩེ་མགུར་ཡིན་ཁུལ་བྲིས་པ་དག ། 

ནད་མེད་འཁུན་སྒྲ་ཞིག་ལས་ཡོད་པ་མིན། ། 

དོན་དངོས་འཚོ་བ་འབྲི་བའི་སྙིང་སྟོབས་མེད། །

ཡིག་འབྲུ་རེ་འགས་མིག་ཆུའི་གཙང་པོ་བསྐྲུན། །


ལས་དབང་དམར་པོ་རེད་ཅེས་གླེང་མྱོང་ཡོད། ། 

མི་སེམས་ནག་པོ་ཡིན་ཞེས་བཤད་ཀྱང་མྱོང་། །  

བཤད་རྒྱུ་ཡོད་ཚད་ཕར་ཆེར་བཤད་ཟིན་པས། །

ད་ནི་ཅི་ཞིག་འབྲི་དགོས་ངས་མ་ཤེས། །  


ལོ་སྟོད་བྲིས་པ་སླར་ཡང་འབྲི་འདོད་མེད། །  

བླངས་པའི་གཞས་དེ་བསྐྱར་ལེན་བྱ་རྩིས་མེད། །

གཞས་ཚིག་གསར་པ་རེ་ནི་མེད་པར་བྱས། །  

འཁོར་བའི་གླུ་བ་ང་རང་ཧད་ཀྱིས་ལུས། །  


ཁ་སྣ་མིག་གསུམ་མཛེས་ཉམས་ཡག་ཚུལ་དེ། ། 

ན་ནིང་ཟླ་བ་གསུམ་ལ་བསྐྱར་འབྲི་བྱས། །

དབྱངས་ཅན་ལྷ་མོའི་ཟུར་མིག་འཕེན་འདུག་ཅེས། ། 

རྟོག་བཏགས་སྤྲོས་པའི་གཏམ་དེ་གླེང་ཟིན་ཡོད། །   


མི་ཚེའི་བདེ་སྡུག་གཞན་གྱིས་གླེང་བཞིན་ཡོད། ། 

དུས་བཞིའི་འགྱུར་ལྡོག་ངས་ཀྱང་བཤད་མྱོང་ཡོད། །   

སེམས་ཚོར་རྙིང་པ་དེ་དག་མ་ཡིན་པའི། །  

དབྱངས་འགྲོས་ཤིག་གི་བརྗོད་གཞི་རྙེད་པར་ཤོག །  


བཙན་གྱིས་བསྒྲིགས་པའི་ངོ་བསྟོད་བསྔགས་པའི་ཚིག །

ཟོལ་གྱིས་གླེང་བའི་བརྩེ་མགུར་རྫུན་མའི་རིགས། །   

དེ་རིང་ཡང་བསྐྱར་འབྲི་འདོད་མ་བྱུང་བས། ། 

དབྱངས་ཅན་ཁྱེད་ཀྱིས་བརྗོད་གཞི་གསར་པ་གནོངས། །


点赞

收藏

评论
已输入0
全部评论
加载更多评论