ཁྱེད་སྐུ་ལང་ཚོ་རབ་རྒྱས་པདྨའི་མདངས། །
ཁྱེད་གསུང་སྙན་པའི་ངག་རིག་དྲི་ཟའི་དབྱངས། །
ཁྱེད་ཐུགས་མཁྱེན་རབ་ཟབ་མེད་མཚོ་མོ་འཁྱིལ། །
ཁྱེད་མཆོག་དབྱངས་ཅན་མ་ཡིས་བདག་ཡིད་སྐྱོངས། །
ཁྱེད་ཞལ་ཟླ་དཀར་ལང་ཚོ་མཛེས་པའི་ཁར། །
མཆུ་དམར་བྱུ་རུའི་འཕྲེང་བ་ཚར་དུ་དངར། །
འགྲམ་གཉིས་ཉི་ཟླ་ཁ་སྤྲོད་ཆགས་པའི་རྟེན། །
ཚངས་སྲས་སྒེག་ལྡན་སྟོང་གི་ཡང་རྩེར་བཞད། །
དཀར་མཛེས་ཡིད་འོང་ཉམས་ལྡན་ཚངས་པའི་སྲས། །
དཀར་གསལ་འོད་ཀྱི་ཕུང་པོ་སྲིད་གསུམ་བཞད། །
དཀར་པོ་དངུལ་དང་འདྲ་བའི་ལྷག་བསམ་གྱིས། །
དཀར་པོ་གངས་རིའི་མེ་ཏོག་སེམས་སུ་གཅེས། །
རབ་དཀར་ཞལ་ཁྱིམ་གོང་བུ་བསིལ་ཟེར་ཅན། །
རབ་འཇམ་མཆུ་དམར་བྱི་རུའི་འོད་མདངས་མཛེས། །
རབ་མཛེས་སྙིང་སྡུག་ལང་ཚོ་དཔྱིད་ཀྱི་དཔལ། །
རབ་བྱུང་དབྱངས་ཅན་མ་ལ་སུ་ཡིས་འགྲན། །
ལྷ་ལམ་ཆུ་འཛིན་འཁྲིགས་པའི་ཕོ་བྲང་དུ། །
ཕྱི་ཆས་སྒེག་པའི་ཕུལ་བྱུང་ཚངས་པའི་སྲས། །
ནང་སེམས་མཁྱེན་པའི་ཤེས་རབ་ཕྱོགས་ཀུན་རྒྱས། །
ཕྱི་ནང་སྒྲུན་པ་མེད་དོ་དབྱངས་ཅན་མ། །
མཁྱེན་རབ་ཉི་ཟླའི་དཀྱིལ་འཁོར་དབྱིངས་ན་མཛེས། །
བརྩེ་ཆེན་འོད་དཀར་ཕུང་པོ་སྟོང་གསུམ་ཁྱབ། །
མ་ལུས་གདུལ་བྱའི་ལང་ཚོའི་མེ་ཏོག་རྫོགས། །
བྱམས་ལྡན་ཁྱེད་ནི་ཀུན་གྱིས་བཀུར་བའི་ཡུམ། །
ལྔ་རིག་པི་ཝང་སྙན་མོ་དལ་གྱིས་དཀྲོལ། །
གཞན་གསོས་སྙན་པའི་ཚོར་མགུར་ངག་གིས་འཐེན། །
མཉེན་ལྕུག་སྒེག་ལྡན་གར་གྱིས་མིག་དབང་གཡོ། །
ཚོགས་དྲུག་ངང་གིས་སྒུལ་བའི་མཛེས་མ་མཚར། །
点赞
收藏